༄༅།། ཀན་སུའུ་ཞིང་ཆེན་བོད་ཀྱི་གསོ་རིག་ཞིབ་འཇུག་གླིང་དང་

ཀན་ལྷོའི་སྨན་རྩིས་ཁང་གི་ངོ་སྤྲོད་མདོར་བསྡུས།


དེ་ཡང་མདོ་སྨད་ལྷ་ལྡན་གཉིས་པ་ཞེས་མཚན་སྙན་གྱི་བ་དན་དཀར་པོ་ཕྱོགས་བཅུར་གཡོ་བའི་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་འདིར། བླ་བྲང་བཀྲ་ཤིས་འཁྱིལ་གྱི་སྨན་པ་གྲྭ་ཚང་གསོ་རིག་གཞན་ཕན་གླིང་གིས་གཙོས་པའི་སྨན་པ་གྲྭ་ཚང་དང་ཀན་ལྷོ་ཁུལ་སྨན་རྩིས་ཁང་གིས་གཙོས་པའི་ཁུལ་དང་རྫོང་རིམ་པའི་བོད་སྨན་ཁང་།བོད་ཀྱི་གསོ་རིག་སློབ་གླིང་བཅས་བོད་ཀྱི་གསོ་བ་རིག་པ་འཛིན་སྐྱོང་སྤེལ་གསུམ་གྱི་རྟེན་གཞི་མང་དག་ཅིག་ཚུགས་ཡོད།

ཁྱད་པར་དུ་ཀན་སུའུ་ཞིང་ཆེན་བོད་ཀྱི་གསོ་རིག་ཞིབ་འཇུག་གླིང་དང་ཀན་ལྷོ་ཁུལ་སྨན་རྩིས་ཁང་གཉིས་ནི་སྤྱི་ལོ༡༩༨༠ལོར་བཙུགས་པའི་ཀན་ལྷོ་ཁུལ་བོད་ཀྱི་གསོ་རིག་ཞིབ་འཇུག་གླིང་གི་རྨང་གཞིའི་སྟེང་འཕེལ་རྒྱས་བྱུང་བ་ཞིག་ཡིན།

ཀན་སུའུ་ཞིང་ཆེན་བོད་ཀྱི་གསོ་རིག་ཞིབ་འཇུག་གླིང་དུ་རྨང་གཞིའི་གཞུང་ལུགས་ཞིབ་འཇུག་ཁང་དང་ནད་ཐོག་ཞིབ་འཇུག་ཁང་།སྨན་རྫས་ཞིབ་འཇུག་ཁང་།གནམ་རིག་སྐར་རྩིས་ཞིབ་འཇུག་ཁང་བཅས་ཞིབ་འཇུག་ཁང་བཞི་ཡོད་ལ།ཀན་ལྷོ་ཁུལ་སྨན་རྩིས་ཁང་དུ་རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་གཙོ་གནད་ཚན་ཁག་གིས་གཙོས་པའི་ནད་བརྟག་སྨན་བཅོས་དང་སྨན་རྫས་སྦྱོར་བཟོའི་མ་ལག་ཆ་ཚང་བ་ཡོད་པར་མ་ཟད།ཀན་ལྷོ་ཁུལ་བོད་ཀྱི་གསོ་རིག་རིག་གནས་འགྲེམས་སྟོན་ལྟེ་གནས་སུ་བོད་ཀྱི་གསོ་བ་རིག་པའི་ཐུན་མིན་ཁྱད་ཆོས་གཙོ་བོར་བཟུང་ནས་ངོ་སྤྲོད་དང་འགྲེམས་བསྒྲགས་བྱེད་བཞིན་ཡོད། གཞན་ཡང་།སྨན་རྩིས་ཁང་འདིར་རྒྱལ་ཁབ་ཀྲུང་ལུགས་གསོ་རིག་དོ་དམ་ཅུའུ་ཡི་གཙོ་གནད་ཚན་ཁག་གཉིས་དང་༼ཕོ་ནད་ཆེད་བཅོས་ཚན་ཁག་དང་དྲེག་གྲུམ་ཆེད་བཅོས་ཚན་ཁག༽ཀན་སུའུ་ཞིང་ཆེན་གྱི་གཙོ་གནད་ཚན་ཁག་གཉིས།༼བོད་ལུགས་དཔྱད་བཅོས་ཚན་ཁག་དང་ཀླད་ནད་ཚན་ཁག༽སྨན་ཁང་ནང་ཁུལ་གྱི་གཙོ་གནད་ཚན་ཁག་གཉིས་༼མཆིན་མཁྲིས་ཚན་ཁག་དང་གཅིན་སྙི་ཟ་ཁུའི་ནད་ཀྱི་ཚན་ཁག༽བཅས་ཡོད།

སྨན་རྩིས་ཁང་འདིར་ཁྱོན་བསྡོམས་ལས་བཟོ་བ་ ༡༣༣ ཡོད་པ་དང་སྨན་བཅོས་ཆེད་ལས་ལག་རྩལ་མི་སྣ་༡༠༥ཡོད་ལ།དེའི་ནང་དུ་ཀན་སུའུ་ཞིང་ཆེན་གྱི་མིང་གྲགས་ཀྲུང་ལུགས་སྨན་པ་གཉིས།སྨན་པ་འབུམ་རམས་པ་༦།སྨན་པ་འབུམ་རམས་པ་གཞོན་པ༢༡དང་།སྨན་པ་རབ་འབྱམས་པ༤༧། དམིགས་བསལ་གདན་འདྲེན་ཞུས་པའི་གསོ་རིག་འབུམ་རམས་པ་གཉིས་དང་རབ་འབྱམས་པ་གསུམ་བཅས་ཡོད་ལ།ལོ་རེར་རྒྱལ་ཁབ་ཕྱི་ནང་གི་སྒོ་བསྟེན་ནད་པ་ཁྲི་ལྔ་ལྷག་དང་ཞག་སྡོད་ནད་པ་སུམ་སྟོང་ལྷག་ལ་ནད་བརྟག་སྨན་བཅོས་ཀྱི་ཞབས་ཞུ་རྒྱ་ཆེར་སྒྲུབ་བཞིན་ཡོད།

སྨན་རྩིས་ཁང་འདི་སྔ་གཞུག་ཏུ་ཀན་སུའུ་ཞིང་ཆེན་གྱི་རྒྱལ་ཡོངས་ལས་ཐོག་སྨན་པའི་ཐོབ་ཐང་རྒྱུགས་བཤེར་དང་ལག་ལེན་འཇོན་ནུས་རྒྱུགས་བཤེར་ལྟེ་གནས།ཀན་སུའུ་ཞིང་ཆེན་གྱི་བོད་ལུགས་གསོ་རིག་རྒྱུན་མཐུད་སློབ་གསོའི་ལྟེ་གནས།ཀན་སུའུ་ཞིང་ཆེན་གྱི་གསོ་རིག་འཇོན་ནུས་གསོ་སྦྱོང་ལྟེ་གནས།ཀན་སུའུ་ཀྲུང་ལུགས་གསོ་རིག་སློབ་ཆེན་གྱི་སློབ་སྟོན་དངོས་སྦྱོང་ལྟེ་གནས་བཅས་སུ་གཏན་འཁེལ་བྱས་ཡོད།

གསོ་རིག་ཞིབ་འཇུག་གླིང་དང་སྨན་རྩིས་ཁང་གིས་འདི་ལྟར་མི་ལོ་བཞི་བཅུ་ལ་ཉེ་བའི་ལོ་རྒྱུས་ཀྱི་ལམ་ཁ་བརྒྱུད་ཅིང་། དབུ་ཁྲིད་དང་ལས་བཟོ་བ་ཡོངས་ཀྱིས་འབད་བརྩོན་ལྷོད་མེད་བྱས་པ་ལ་བརྟེན་ནས་དུས་ད་ལྟའི་ཆར་ཀན་སུའུ་ཞིང་ཆེན་གྱི་བོད་སྨན་སྨན་བཅོས་དང་ཚན་ཞིབ། སྨན་རྫས་སྦྱོར་བཟོ། སློབ་སྟོན་དངོས་སྦྱོང་།རིག་གནས་ཁྱབ་བསྒྲགས་བཅས་ཀྱི་ལྟེ་གནས་གལ་ཆེན་ཞིག་ཏུ་གྱུར་ཡོད།